ལེའུ་བཞི་པ།
དད་ལོག་གི་སྐོར།
1 དམ་པའི་ཐུགས་ཉིདཀྱིས་གསལ་པོར་གསུངས་པ་ལྟར།
དུས་ཕྱི་མར་མི་ཁ་ཤས་དད་པ་སྤངས་ནས་སེམས་ཉིད་གཡོ་སྒྱུ་ཅན་དང་གདོན་འདྲེ་རྣམས་ཀྱི་ལོག་ལྟ་ལ་དོ་སྣང་བྱེད་པར་འགྱུར།
2 དེ་ནི་བཟང་ངན་ཤེས་མི་ཐུབ་པའི་རྫུན་ཤོད་མཁན་གྱི་ཁ་བཤད་དོན་ལ་མི་གནས་པའི་སྒོ་ནས་འབྱུང་འོང༌།
ཁོ་ཚོའི་སེམས་ནི་ལྕགས་སྲེག་གིས་ཚིག་པ་ལྟར་ཡིན་པས་སོ།
3 ཁོ་ཚོས་གཉེན་སྒྲིག་མ་བྱེད་ཅེས་པ་དང༌།
ཟས་རིགས་ཁ་ཤས་ཟ་མི་ཆོག་ཅེས་ཟེར།
བདེན་པ་ཤེས་ནས་དད་ལྡན་རྣམས་ཀྱིས་བཀའ་དྲིན་ཆེ་ཞུ་ཞིང་ཟ་བའི་ཕྱིར་དཀོན་མཆོགགིས་ཟས་དེ་ཚོ་བཟོས་པ་གནང༌།
4 གང་ལགས་ཟེར་ན།
དཀོན་མཆོག་གིས་བཀོད་པར་མཛད་པ་ཐམས་ཅད་ལེགས་པོ་ཡིན་ཏེ།
བཀའ་དྲིན་ཆེ་ཞུས་ནས་ཐོབ་ན་གང་ཡང་འདོར་མི་དགོས།
5 དཀོན་མཆོག་གི་བཀའདང་སྨོན་ལམགྱི་སྒོ་ནས་དག་པར་འགྱུར་བས་སོ། །
ཡེ་ཤུ་མཱ་ཤི་ཀའི་ཞབས་ཕྱི་བཟང་པོའི་སྐོར།
6 གལ་ཏེ་ཁྱེད་ཀྱིས་དོན་འདི་ཚོ་སྤུན་ཟླ་རྣམས་ལ་བསྟན་ན།
དད་པའི་བཀའ་དང་ཁྱེད་ཀྱིས་སྔར་ནས་བསྲུངས་ཏེ་བདེན་པའི་བསྟན་པ་ལ་བརྟེན་ནས་ཁྱེད་ནི་མཱ་ཤི་ཡེ་ཤུའི་ཞབས་ཕྱི་བཟང་པོ་ཡིན་པར་འགྱུར།
7 འཇིག་རྟེན་པའི་སྙིང་པོ་མེད་པའི་སྒྲུང་དང་རྒན་མོའི་འཆོལ་གཏམ་དོར་ནས།
ཆོས་སེམས་དང་ལྡན་པའི་ཕྱིར་རང་གིས་རང་ལ་སྦྱོང་བརྡར་གྱིས་དང༌།
8 གང་ཡིན་ཞེ་ན།
ལུས་ཀྱི་རྩལ་སྦྱོང་ལ་ཕན་ཐོགས་ཅུང་ཟད་ཡོད་ཀྱང༌།
མི་ཚེ་འདི་དང་ཕྱི་མ་གཉིས་ལ་ཕན་པས་ཆོས་སེམས་ནི་རྣམ་པ་ཐམས་ཅད་ལ་ཕན་ཐོགས་ཆེའོ།
9 གཏམ་འདི་ནི་བདེན་ཞིང་ཧ་ཅང་ཁས་ལེན་བྱེད་འོས་པ་ཞིག་ཡིན།
10 དོན་དེའི་ཕྱིར་ང་ཚོས་འབད་བརྩོན་བྱེད།
གང་ལགས་ཤེ་ན།
མི་ཐམས་ཅད་དང་ཁྱད་པར་ཏུ་དད་ལྡན་རྣམས་ཀྱི་སྐྱབས་མགོན་གཏན་དུ་གནས་པའི་དཀོན་མཆོགལ་ང་ཚོས་ཡིད་རྟོན་ངང་རེ་བ་བཅངས།
11 དོན་འདི་ཚོ་མི་རྣམས་ལ་སྐུལ་ཞིང་སྟོན།
12 ཁྱེད་རང་ལོ་ན་གཞོན་པར་མི་སུས་ཀྱང་མཐོང་ཆུང་བྱེད་དུ་མ་ཆུག
དེ་ལས་ལྡོག་སྟེ་ངག་དང༌།
སྤྱོད་ལམ།
བྱམས་སེམས།
དད་སེམས།
བཅོས་མིན་གྱི་སྒོ་ནས་དད་ལྡན་རྣམས་ལ་མིག་དཔེ་སྟོན།
13 ང་མ་སླེབས་པའི་བར་དུ་མི་རྣམས་ལ་གསུང་རབ་ཀློག་པ་དང༌།
སྐུལ་མ།
ཆོས་སྟོན་པ་བཅས་ལ་བརྩོན་པར་བྱེད་ཅིག
14 ཁྱེད་ཀྱི་ནང་ན་ཡོད་པའི་ཆོས་ཀྱི་གནང་སྦྱིན་ལ་སྣང་མེད་མ་བྱེད།*
དེ་ནི་ཆོས་ཚོགས་ཀྱི་འགན་འཁུར་བ་རྣམས་ཀྱིས་ཁྱེད་ལ་ཕྱག་བཞག་ནས་ལུང་བསྟན་པའི་སྒོ་ནས་གནང་བ་ཡིན།*
15 མི་ཐམས་ཅད་ཀྱིས་ཁྱེད་ཀྱི་ཡར་སྐྱེད་མཐོང་བའི་ཕྱིར་དོན་འདི་རྣམས་ལ་དམ་འཛིན་བྱེད་ཅིང་ཉམས་སུ་ལོངས་ཤིག
16 ཁྱེད་ཀྱིས་རང་ཉིད་དང་རང་གི་ཆོས་སྟོན་པ་ལ་དོ་སྣང་ལེགས་པོ་བྱེད།
དོན་འདི་རྣམས་མཐར་ཕྱིན་པ་བྱས་ན་ཁྱེད་དང་ཁྱེད་ཀྱི་གཏམ་ལ་ཉན་མཁན་ཡང་ཐར་ར་འགྱུར་ངེས་སོ། །